%e0%bd%80%e0%bd%b4%e0%bd%93%e0%bc%8b%e0%bd%98%e0%bd%81%e0%be%b1%e0%bd%ba%e0%bd%93%e0%bc%8b%e0%bd%a0%e0%bd%96%e0%be%b2%e0%bd%b4%e0%bd%82%e0%bc%8b%e0%bd%94%e0%bd%a0%e0%bd%b2%e0%bc%8b%e0%bd%86%e0%bd%bc

དེ་ཡང་སྔར་ནས་ ཀུན་མཁྱེན་ཆེན་པོ་མི་ཕམ་པདྨ་དཀར་པོ་མཆོག་གིས་མཛད་པའི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ཆེན་དེ་དག་བརྒྱུད། ནང་པ་སངས་རྒྱས་པའི་གཞི་ལམ་འབྲས་གསུམ་སྤྱི་དང་བྱེ་བྲག་ལ་གོ་རྟོགས་སྤེལ་ཐུབ་པའི་རེ་འདུན་ཤུགས་དྲགས་རྒྱུན་ཆགས་སུ་ཡོད་པ་དང་།

ལྷག་པར་སྤྱི་ལོ་༢༠༡༦ ལོར། འབྲུག་ཕུན་ཚོགས་གླིང་རིན་ཆེན་སྡིང་དགོན་པར་སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དོན་གྲུབ་དཔལ་བཟང་པོས་ལྕེ་བཙུན་སྙིང་ཐིག་གི་བཀའ་ཆོས་བཀའ་དྲིན་བསྩལ་སྐབས། མཁན་པོ་ཉི་མ་དང་ཀརྨ་མཆོག་གི་གཙོས་དེར་འདུས་ཀྱི་བུ་སློབ་རྒན་པ་ཁག་ནས་ཀྱང་དངོས་དང་བརྒྱུད་ལམ་ཁག་ཏུ་ཆོས་གྲོགས་ནང་ཕན་ཚུན་བསམ་ཚུལ་དང་གོ་རྟོགས་སྤེལ་བའི་དུས་མཐུན་ཁོར་ཡུག་དེ་འདྲ་ཞིག་བསྐྲུན་ཐུབ་ན་ཕན་རླབས་ཆེ་བའི་དགོངས་འཆར་དང་རྒྱབ་སྐྱོར་གནང་བ་དང་།

དེ་བཞིན་མཁན་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་འབྱུང་གནས་མཆོག་གིས་ཀྱང་བགྲོ་གླེང་དང་འབྲེལ་བའི་རིགས་ལ་བགྲོ་གྲོན་རྒྱ་གང་ཆེ་གནང་རྒྱུའི་བསྟན་པའི་སྦྱིན་བདག་ཆེན་པོའི་ཐུགས་འགན་བཞེས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་པ་སོགས་རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས་པར་བརྟེན།

སྤྱི་ལོ་༢༠༡༦ ལོར། ཐེང་དང་པོ་གློག་རིག་བརྒྱུད་ལམ་ཁག་ཏུ་ཀུན་མཁྱེན་འབྲུག་པའི་ཆོས་ར་ཞེས། ཡིག་ངག་གཉིས་ཀྱི་ལམ་ནས་ཀུན་མཁྱེན་ཆེན་པོ་མི་ཕམ་པདྨ་དཀར་པོ་མཆོག་གིས་མཛད་པའི་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ཆེན་རྣམས་གཞིར་བཟུང། རྒྱལ་བའི་བཀའ་དང་རྒྱ་གར་འཕགས་པའི་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་གསུང་ལ་ཁུངས་གཏུགས། རང་ལ་དབང་བའི་ཤེས་རབ་ཀྱི་རྩལ་ཡང་གང་ཡོད་སྤྱོད་ཆོག་པའི་གུ་ཡངས་རང་བཞིན་ལྡན་པའི་དམ་པའི་ཆོས་ཀྱི་བགྲོ་གླེང་གནང་སའི་གཞི་རྒྱ་ཆེ་བའི་ཁོར་ཡུག་དེ་གཞི་འཛུགས་བྱས་ཡོད།

རིམ་བཞིན་དོ་སྣང་བྱེད་མཁན་འཕེལ་ཞིང་གང་ལ་གང་འཚམས་ཀྱི་ཕན་རླབས་བྱུང་བར་བརྟེན། སྤྱི་ལོ་༢༠༡༧ ལོ་མཇུག །མཁན་པོ་དང་སློབ་དཔོན། ནང་པའི་མཁས་མཆོག་གཙོས་ སློབ་གཉེར་བ་བརྒྱ་ཕྲག་བརྒལ་བ་གདན་འདྲེན་ཞུས་ཏེ། ས་གནས་ཕུན་ཚོགས་གླིང་དཔལ་ལྡན་བཀྲ་ཤིས་ཆོས་གླིང་གི་བཤད་གྲྭར། ཉིན་གྲངས་ལྔའི་རིང་ཀུན་མཁྱེན་འབྲུག་པའི་ཆོས་རའི་བགྲོ་གླེང་ཐེངས་དང་པོ་དེ་དངོས་སུ་འཚོགས་ཐུབ་པའི་གྲུབ་འབྲས་བྱུང་ཡོད་པ་བཞིན།

སྤྱི་ལོ་༢༠༡༧ ལོར། སྔར་ལས་ལྷག་པའི་ཚོགས་བསྡུས་ནས་ཀུན་མཁྱེན་འབྲུག་པའི་ཆོས་རའི་བགྲོ་གླེང་ཐེངས་གཉིས་པ་དང་། དེ་བཞིན་༢༠༡༨ ལོར་ཡང་། སྔར་བས་གྲ་རྒྱས་ཤིང་གཞི་རྒྱ་ཆེ་བའི་ཀུན་མཁྱེན་འབྲུག་པའི་ཆོས་རའི་བགྲོ་གླེང་ཐེངས་གསུམ་པ་འཚོགས་ཐུབ་པ་བྱུང་བར་མ་ཟད། བགྲོ་གླེང་སྐབས་ཀྱི་རྩོམ་ཤོག་ཕྱོགས་གཅིག་ཏུ་སྒྲིག་པའི་དུས་དེབ་ཀྱང་ཐེངས་གསུམ་གྱི་རིང་པར་དུ་བསྐྲུན་ནས་སློབ་གཉེར་བ་ཚོར་གང་མང་སྤེལ་བས་སོགས། དངོས་དང་བརྒྱུད་པའི་སྒོ་ནས་ནང་པའི་སློབ་ཕྲུག་ཚོར་ཤེས་ཡོན་གོང་དུ་སྤེལ་བའི་ཞབས་འདེགས་མི་དམན་པར་བསྒྲུབས་ཡོད་པར་མ་ཟད། ཕྱིས་སུའང་ཀུན་མཁྱེན་འབྲུག་པའི་ཆོས་རའི་བགྲོ་གླེང་དེ། ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཐུབ་པ་དང་། རྐྱང་ཆར་ཆུ་མོའི་རྒྱུན་བཞིན་དུ་བསྐྱང་ཐུབ་པའི་རེ་སྨོན་བཅས།

མཐའ་དོན། ཀུན་མཁྱེན་འབྲུག་པའི་ཆོས་རའི་ལས་རིམ་དེ་དག་ལ། འབྲུག་གཞུང་གྲྭ་ཚང་ལྟེ་བ་དང་བཤད་གྲྭ་ཁག་གི་མཁན་སློབ་རྣམ་ཀྱི་རྒྱབ་སྐྱོར། ཁྱད་པར་མཁན་སྤྲུལ་བསྟན་འཛིན་ཆོས་ཀྱི་འབྱུང་གནས་མཆོག་གིས་ལོ་བསྟར་ཀུན་མཁྱེན་འབྲུག་པའི་ཆོས་རའི་བགྲོ་གླེང་དང་འབྲེལ་བའི་ལས་རིགས་ཡོངས་རྫོགས་ལ་ཤེས་ཡོན་དང་རྒྱུ་དངོས་སོགས་ཕྱི་ནང་གི་རྒྱབ་སྐྱོར་ཚད་མེད་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུའོ། །