%e0%bd%80%e0%bd%b4%e0%bd%93%e0%bc%8b%e0%bd%98%e0%bd%81%e0%be%b1%e0%bd%ba%e0%bd%93%e0%bc%8b%e0%bd%94%e0%bd%91%e0%be%a8%e0%bc%8b%e0%bd%91%e0%bd%80%e0%bd%a2%e0%bc%8b%e0%bd%94%e0%bd%bc%e0%bd%a0%e0%bd%b2

ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་གྱི་ལུང་བསྟན་ལས། པདྨའི་མིང་ཅན་བཤད་སྒྲུབ་རྒྱལ་མཚན་འཛིན༔ ཅེས་ལུང་གིས་ཟིན་པའི་སྐྱེས་མཆོག་དེའང་གང་དུ་འཁྲུངས་པའི་ཡུལ་ནི། ཁ་བ་ཅན་གྱི་ཤར་ཕྱོགས་ཀོང་པོའི་ཡུལ་གྱི་བྱེ་བྲག་མཆིམས་ཡུལ་མགོན་དུ། ཡབ་ཇོ་སྲས་ཀླུའི་དབང་པོ་དང་ཡུམ་ཆོས་སྐྱོང་སྒྲོལ་མ་ཟུང་གིས་སྲས་སུ། སྟོན་པའི་འདས་ལོ་ཉིས་སྟོང་བཞི་བརྒྱ་བཅུ་མེད་ལྔ་དང་། སྤྱི་ལོ་ཆིག་སྟོང་ལྔ་བརྒྱ་ཉེར་བདུན་པ་རབ་བྱུང་དགུ་པའི་མེ་ཕག་ལ་སྐུ་བལྟམས།

འཁྲུངས་ཏེ་ཟླ་ཕྱེད་ཙམ་ནས་གསུང་ཡི་གེ་དྲུག་མའི་རང་སྒྲ་གསལ་བར་བྱོན་པས་ཀུན་ཡིད་ཆེས། དེ་དུས་སྐྱེ་བ་སྔ་མའི་ཞལ་སློབ་ཀུན་སྤངས་ཤེས་རྒྱམ་བརྟག་དཔྱད་མཛད་པར་བྱོན་ནས་ཐུགས་མགུ།

དགུང་ལོ་དགུ་ལ་སྔོན་གྱི་གནས་ལྷོ་ཕྱོགས་ནོར་འཛིན་ཆོས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཏུ་གདན་འདྲེན། རིང་པོར་མ་ལོན་པར་སྤྲེལ་ལོ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་མི་འཇིགས་སེང་གེའི་ཁྲི་ལ་ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་མངའ་གསོལ། སྔོན་གྱི་གཅུང་གནས་ལྔ་རིག་པའི་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་སོགས་ལས་སློབ་སྦྱོང་རིམ་པར་མཛད།

དགུང་ལོ་བཅུ་གཅིག་ལ་འབྲུག་གི་གདན་ས་བྱང་གླིང་དུ་གདན་འདྲེན། བསྟན་པའི་བདག་པོ་དཔལ་ངག་དབང་ཆོས་ཀྱི་རྒྱལ་པོས་གཙུག་ཕུད་བཞེས་ཏེ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་སྩལ། ནཱ་རོ་ཏ་པའི་རྒྱལ་ཚབ་འགྱུར་མེད་ངག་དབང་ནོར་བུའི་སྡེ་ཞེས་མཚན་གྱི་ཅོད་པན་གསོལ། འབྲུག་སྐོར་གྱི་ཆོས་བཀའ་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་གདམས་པ་གསན།

དགུང་གྲངས་བཅུ་བདུན་ལ་ཆོས་གྲྭ་ཆེན་པོ་དཔལ་འཁོར་བདེ་ཆེན་དུ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཀུན་དགའ་བཀྲ་ཤིས་རྣམ་རྒྱལ་གཙོར་མཛད་བཅུ་ཚོགས་ཀྱི་དབུས་སུ་ཚིགས་གསུམ་ཆིག་རྫོགས་སུ་བཞེས། ཞི་དུལ་དེས་པའི་ངང་ཚུལ་གྱིས་འཇིག་རྟེན་གྱི་མཆོད་འོས་སུ་གྱུར།

དེ་ནས་རིམ་པར་ཡོངས་འཛིན་ངག་གི་དབང་ཕྱུག ཀུན་སྤངས་སྒྱུ་མའི་གར་མཁན། མཐུ་ལྡན་ཡོན་ཏན་ཡེ་ཤེས། སྔགས་འཆང་ཆོས་ཀྱི་མགོན་པོ་ལ་སོགས་པའི་མཁས་གྲུབ་དུ་མར་བསྙེན་ནས་གསན་བསམ་སྒོམ་པ་མཐར་ཕྱིན་ཏེ་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་གི་རྒྱན་དུ་གྱུར།

ལུང་རིགས་ཉི་མའི་ཁུ་བ་བཅུད་དུ་སྨིན་པའི་མདོ་སྔགས་ལེགས་བཤད་ཀྱི་གླེགས་བམ་ཉི་ཁྱིམ་གྱི་གྲངས་ལས་བརྒལ་བའི་གསུང་རབ་སྦྲང་རྩིའི་སྙིང་པོ་རྗེས་འཇུག་སྐལ་བཟང་བུང་པའི་གསོས་སུ་བཞག་པར་མཛད།

བྱ་བ་ལས་ཀྱི་འཁོར་ལོའི་ཕྱག་རྗེས་ཀྱང་གསང་སྔགས་ཆོས་གླིང་། བཀྲ་ཤིས་མཐོང་སྨོན། སྔགས་གྲྭ། བྱམས་ཆེན་པད་དཀར། ལྟག་རྩེ། དྲེའུ་ལྷས་ཏེ་འབྲུག་པ་སྡེ་དྲུག་དང། གཞན་ཡང་གཙང་རྒྱལ་བྱེད་ཚལ། ཡང་རྩེ། དཔལ་རི་སོགས་ཆོས་སྡེ་གཙུག་ལག་ཁང་མང་དུ་བཏབ་སྟེ་བསྟན་རྩ་དགེ་འདུན་གྱི་སྡེ་བཙུགས།

དེ་དག་རྣམས་སུ་བསླབ་པ་གསུམ་གྱི་ཉམས་བཞེས་དང་། སྡེ་སྣོད་གསུམ་གྱི་འཆད་ཉན་བཙུགས་ཏེ་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་བསམ་པའི་རྭ་བར་མི་ཆུད་པར་བསྐྱངས་པའི་མཐར། དགུང་གྲངས་དྲུག་ཅུ་རེ་དྲུག་པ་ཆུ་འབྲུག་ལ་སླར་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་ཏོ། །

འདི་ལ་སློབ་མ་གདན་འཛིན་མི་ཕམ་ཆོས་རྒྱལ། གདུང་འཛིན་མི་ཕམ་བསྟན་པའི་ཉི་མ། མཁས་གྲུབ་ཆེན་པོ་ལྷ་དབང་བློ་གྲོས། སྤྲུལ་པའི་སྐུ་མཆོག་པད་དཀར་དབང་པོ། ལྷ་རྩེ་བ་ཆེན་པོ་ངག་དབང་བཟང་པོ། རབ་འབྱམས་སྨྲ་བ་འཇམ་དཔལ་གྲགས་པ། རྡོ་རྗེ་འཛིན་པ་ཀུན་དགའ་སྙིང་པོ། ཀུན་མཁྱེན་སངས་རྒྱས་རྡོ་རྗེ་སོགས་མཁས་དང་གྲུབ་པའི་སློབ་མ་སྐར་ཚོགས་ལྟ་བུ་བཤད་དང་སྒྲུབ་པའི་མཁའ་ལ་བརྡལ་བར་མཛད་དོ། །

སྐྱབས་རྗེ་མཁས་དབང་དགེ་འདུན་རིན་ཆེན་གྱི་གསུང་ལྷོ་འབྲུག་ཆོས་འབྱུང་ནས་བཏུས་པའོ། །